[001A]༄༅། །བཅོམ་ལྡན་འདས་བདེ་མཆོག་ཚེ་ལྷ་དཀར་པོའི་ཚོགས་མཆོད་བྱ་ཚུལ་དངོས་གྲུབ་འགུག་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། [001B] །ན་མོ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀཱ་ཡ། ཐབས་ཀྱི་རྣམ་པ་ཀུན་ལྡན་ཟླ་ཤེལ་ཁམས། །ཤེས་རབ་སྟོང་གསལ་ནམ་མཁའ་དང་འགྲོགས་པས། །དཔག་ཡས་དངོས་གྲུབ་འོད་སྣང་འཕྲོ་བ་ ཡིས༑ ༑ཕན་བདེའི་མཆོག་སྩོལ་ཧེ་རུ་ཀ་ལ་འདུད། །འདིར་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དཀར་པོའི་ལྷ་ཚོགས་ཚོགས་ཀྱི་མཆོད་པས་མཉེས་པར་བྱ་བའི་ཚུལ་བཀླག་ཆོག་ཏུ་འགོད་པ་ནི། ཡི་དམ་གྱི་བདག་མདུན་དང་འབྲེལ་བའམ་ མ་འབྲེལ་ཀྱང་རུང། དུས་ཚེས་བཟང་པོར་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ལྟར་ཚོགས་ཀྱི་གཏོར་མ་དང་བཟའ་བཅའ་བཏུང་བའི་རིགས། མ་དཱ་ན་བཟང་པོ་དང་བཅས་པ་གཙང་སྦྲ་ཐོན་པ་ཅི་མཛེས་སུ་བཤམ། སྔར་གྱི་བདག་བསྐྱེད་ཀྱི་རྒྱུན་ཡོད་ན་དེས་ཆོག་ མེད་ན་སྐད་ཅིག་ཀྲོང་བསྐྱེད་བྱས་ལ། མཆོད་གཏོར་རྣམས་བྱིན་གྱིས་བརླབས་ཏེ། ཏིང་འཛིན་སྒྱུ་འཕྲུལ་དྲ་བའི་རོལ་པ་ལས། །སྣ་ཚོགས་བརྟན་གཡོའི་བཀོད་པ་རབ་འབྱམས་ཚོགས། །རང་སྣང་ཡོངས་སུ་དག་པའི་གཞལ་མེད་ཁང།། དཔའ་བོ་དཔའ་མོའི་ཚོགས་ཀྱིས་གཏམས་པར་གྱུར། །སྣ་ཚོགས་ཚོན་གྱི་རྩེ་དགའ་དང་འགྲོགས་པའི། །དྭངས་ཤེལ་རྣམ་པར་བཀྲ་བ་ཇི་བཞིན་དུ། །མོས་པ་ཐ་དད་འགྲོ་བའི་དབང་པོ་དང། །རིམ་པར་འཚམ་པའི་ བཀོད་པ་རབ་འབྱམས་ལས། །དངོས་གྲུབ་གཏེར་ཆེན་བླ་མ་ཧེ་རུ་ཀ་དཔའ་བོ་དཔའ་མོ་ཆོས་སྲུང་རྒྱ་མཚོའི་ཚོགས། །འཆི་མེད་ལམ་དུ་ཆུ་འཛིན་ཕྲེང་བ་བཞིན། །དགྱེས་བཞིན་འདིར་གཤེགས་བརྟན་པར་ [002A]༄༅། །བཞུགས་སུ་གསོལ། །ཨོཾ་ཨཱཧཱུཾ། ཏིང་འཛིན་སྔགས་རྒྱའི་ནུས་པ་ལས་བྱུང་བའི། །བདེ་ཆེན་དཔལ་སྟེར་ཚོགས་མཆོད་རྒྱ་མཚོ་འདི། །བླ་མ་ཧེ་རུ་ཀ་དཔལ་མཉེས་ཕྱིར་འབུལ། །རྨད་བྱུང་ བདེ་ཆེན་དགའ་བས་ཚིམ་པར་རོལ། །ཨེ་མ་ཧོ་ཐུན་མོང་མཆོག་གི་དངོས་གྲུབ་ཀུན། །བདེ་བླག་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཨོཾ་ཨཱཧཱུཾ། ཏིང་འཛིན་སྔགས་རྒྱའི་ ྾ བདེ་ཆེན་དཔལ་སྟེར་ ྾ བཅོམ་ལྡན་ཚེ་ ལྷ་ཡབ་ཡུམ་མཉེས་ཕྱིར་འབུལ། །རྨད་བྱུང་བདེ་ཆེན་ ྾ ཨེ་མ་ཧོ་དུས་མིན་འཆི་བ་ཀུན་བསལ་ཏེ། །འཆི་མེད་རིག་འཛིན་བདེ་བླག་སྩལ་དུ་གསོལ། །ཨོཾ་ཨཱཧཱུཾ་ཏིང་འཛིན་སྔགས་རྒྱའི་ ྾ བདེ་ཆེན་དཔལ་སྟེར་ དཔའ་བོ་དཔའ་མོའི་ཚོགས་རྣམས་མཉེས་ཕྱིར་འབུལ། །རྨད་བྱུང་བདེ་ཆེན་ ྾ ཨེ་མ་ཧོ་ཐུགས་རྗེའི་རླུང་ཤུགས་ཆེར་གཡོས་ཏེ། །བདེ་ཆེན་ཡེ་ཤེས་མེ་ཆེན་སྦར་དུ་གསོལ། །ཨོཾ་ཨཱ་ཧཱུཾ། ཏིང་འཛིན་ ྾ བདེ་ཆེན་ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་མཉེས་ ྾ རྨད་བྱུང་བདེ་ཆེན་ ྾ ཨེ་མ་ཧོ་མཐུ་སྟོབས་རྡོ་རྗེའི་གཟེགས་མ་ཡིས། །ཕྱི་ནང་བར་ཆད་མ་ལུས་བཟློག་ཏུ་གསོལ། །ཨོཾ་ཨཱཧཱུཾ། ཏིང་འཛིན་ ྾ བདེ་ཆེན་ ྾ ལྷ་ཀླུ་ གཞི་བདག་ཚོགས་རྣམས་ ྾ རྨད་བྱུང་ཀུན་དགའི་དཔལ་གྱིས་ཚིམ་པར་རོལ། །ཨེ་མ་ཧོ་རུང་ཕྲག་དོག་མ་མཛད་པར། །ཆོས་ལྡན་འཕྲིན་ལས་ཐོགས་མེད་བསྒྲུབ་ཏུ་གསོལ། །ཨོཾ་ཨཱཧཱུཾ། ཏིང་འཛིན་ ྾ བདེ་ [002B] ྾ རིགས་དྲུག་འགྲོ་བའི་ཚོགས་རྣམས་མཉེས་ཕྱིར་འབུལ། །མཁོ་དགུའི་འདོད་ཡོན་དཔལ་གྱིས་ཚིམ་པར་རོལ། །ཨེ་མ་ཧོ་འཁྲུལ་སྣང་ཀུན་རྟོག་དབྱིངས་སུ་དག་ཀུན་བཟང་ཧེ་རུ་ཀ་དཔལ་མངོན་གྱུར་ཤོག་དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་ནས་ ལག་ཏུ་ཐོགས་ཏེ། གདོད་ནས་དག་པ་ནམ་མཁའི་དབྱིངས། །ཀུན་རྫོབ་སྤྲོས་པས་རྣམ་པར་དབེན། །གཤིས་ལུགས་དེ་ཉིད་རིག་པའི་བློས། །མཉམ་པ་ཉིད་དུ་ཚོགས་ལ་རོལ། །ཨ་ལ་ལ་ཧོ། ཞེས་འབུལ། རྡོ་རྗེ་སློབ་དཔོན་སོགས་ལེན་པ་པོ་རྣམས་ཀྱིས།། བདག་ཉིད་དཔའ་བོ་ཀུན་འདུས་སྐུ། །དཔའ་མོ་ཀུན་ཀྱང་ང་ཉིད་དེ། །ལུས་གནས་ཚོགས་ཀྱི་འཁོར་ལོ་ཀུན། །ཚིམ་པར་བྱ་ཕྱིར་ཚོགས་ལ་ངོ་ལ། །ཨ་ཧོ་མཧཱ་སུ་ཁ། ཞེས་བརྗོད་དེ་ཚིམས་དྲུག་ལྡན་དང་འབྲེལ་པར་ཚོགས་ལ་ཡོངས་སྤྱོད་དེ་ཚོགས་ལྷག་བསྡུས་ ནང་མཆོད་ལྕེ་ཐོག་ཏུ་བཞག་པས་ཁ་སྤུ་གདབ། སྟེགས་དམའ་བའི་ཁར་བཞག་ཨོཾ་ཨཱཧཱུཾ། ཏིང་འཛིན་སྔགས་རྒྱའི་ནུས་པ་ལས་བྱུང་བའི། །བདེ་ཆེན་དཔལ་སྟེར་ཚོགས་ལྷག་རྒྱ་མཚོ་འདི། །ལྷག་ལ་དབང་བའི་འབྱུང་པོའི་ཚོགས་ལ་འབུལ། །ཀུན་ཀྱང་ སེམས་རྒྱུད་དགའ་བས་ཚིམ་པར་རོལ། །ཨེ་མ་ཧོ་འཇིགས་སྐྲག་སྡུག་བསྔལ་ཀུན་ཞི་སྟེ། །ཆོས་འབྱོར་ཟས་ཀྱིས་རྟག་ཏུ་འཚོ་བར་ཤོག་ཧོ་ལྷག་མའི་མགྲོན་རྣམས་འཁོར་བཅས་ཀྱིས། །ཚོགས་ལྷག་རྒྱ་མཚོ་འདི་བཞེས་ལ། །བསྟན་པ་ རིན་ཆེན་རྒྱས་པ་དང། །བསྟན་འཛིན་ཡོན་མཆོད་འཁོར་བཅས་དང། །ཁྱད་པར་རྣལ་འབྱོར་བདག་ཅག་ལ། །ནད་མེད་ཚེ་དང་དབང་ཕྱུག་དང། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་ཅེས་བརྗོད་ཅིང་ཚོགས་ལྷག་གཙང་སར་དོར། །བསྔོ་སྨོན་ [003A]༄༅། །བཀྲ་ཤིས་གང་རྒྱས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་དཔའ་བོ་རྣལ་འབྱོར་མ། །མཉེས་བྱེད་རྨད་བྱུང་ཆོ་ག་འདི། །ཐུན་མོང་མཆོག་གི་དངོས་གྲུབ་ཀུན། །བདེ་བླག་འགུག་པའི་ལྕགས་ཀྱུ་ཡིན། །འདིར་འབད་ལས་བྱུང་ དགེ་བ་འདིས། །སྐྱེ་བོ་ནམ་མཁའི་མཐར་གཏུགས་པར། །ཀུན་ཀྱང་མཁའ་སྤྱོད་ལོ་བྲང་དུ། །རིག་འཛིན་ཆོས་ཀྱིས་འདའ་བར་ཤོག་ །ཅེས་བདེ་མཆོག་ཚེ་ལྷ་དཀར་པོའི་ལྷ་ཚོགས་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱ་བའི་ཚུལ་དངོས་གྲུབ་མྱུར་དུ་འགུག་ པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི་བསླབ་གསུམ་སྒྲུབ་ལ་གཞོལ་བ་རི་ཁྲོད་དགེ་སློང་བླ་མ་བློ་བཟང་ཆོས་འཕེལ་ལགས་ནས་མཎྜལ་རྟེན་གསུམ་བཅས་ཇི་ལྟར་བསྐུལ་བ་བཞིན། ཕ་བོང་ཁའི་སྤྲུལ་མིང་པས། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའི་གསུང་སོར་བཞག་ཐོག་ཁ་སྐོང་ སྦྱར་འོས་འགའ་ཞིག་སྦྱར་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་འགྲོ་དོན་འཕེལ།། །།རི་ཁྲོད་དགེ་སློང་ཐུབ་བསྟན་ཉི་མས་པར་དུ་བསྐྲུན་པའོ།། །།ལས་བྱི་ལོར་འཛུགས་ཞུས་ལེཌ་པར་སོང།། དགེ་ལེགས་འཕེལ།།